མཚོ་སྔོན་ཨ་རུ་ར་བོད་སྨན་སྡེ་ཚོགས་ངོ་སྤྲོད།

མཚོ་སྔོན་ཨ་རུ་ར་བོད་སྨན་སྡེ་ཚོགས།
Arura Tibetan Medicine Group
སྤྱི་ལོ ༢༠༡༥ ལོའི་ཟླ ༣ ཚེས ༡༣ ཉིན།

མཚོ་སྔོན་ཨ་རུ་ར་བོད་སྨན་སྡེ་ཚོགས་ནི་མིག་སྔར་བོད་ཀྱི་གསོ་རིག་གི་སྡེར་སློབ་གསོ་དང་། རིག་གནས། སྨན་བཅོས། ཞིབ་འཇུག ཐོན་སྐྱེད་བཅས་ལྷན་དུ་བསྒྲུབ་པའི་བོད་ཀྱི་གསོ་རིག་གི་སྣ་འཛོམས་སྡེ་ཚོགས་གཅིག་པུ་ཡིན་ལ། ཁོངས་གཏོགས་ཀྱི་ལས་ཁུངས་ལ་མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་དང་། མཚོ་སྔོན་སློབ་ཆེན་བོད་ལུགས་གསོ་རིག་སློབ་གླིང་། མཚོ་སྔོན་ཞིང་ཆེན་བོད་ཀྱི་གསོ་རིག་ཞིབ་འཇུག་གླིང་། ཨ་རུ་ར་བོད་སྨན་སྨན་ལས་མ་རྐང་ཚད་ཡོད་ཀུང་ཟི། ཀྲུང་གོ་བོད་ཀྱི་གསོ་རིག་རིག་གནས་རྟེན་མཛོད་ཁང་བཅས་འདུས། 

ལས་ཁུངས་ལྔ་འདུས་ཅན་གྱི་སྡེ་ཚོགས་འདི་ནི་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་གཞིས་ཆགས་ཡོད་པ་དང་། སྤྱི་ལོ་༡༩༨༣ ལོར་བོད་སྨན་ཁང་དང་ཞིབ་འཇུག་གླིང་གཉིས་བཙུགས་པ་དང་བསྟུན། རིམ་གྱིས་སྤྱི་ལོ་༡༩༨༧ལོར་གསོ་རིག་སློབ་གླིང་གསར་འཛུགས་ལ་ཆོག་མཆན་ཐོབ་ཅིང་སྤྱི་ལོ་༡༩༩༥ལོར་ཐོག་མར་དངོས་གཞིའི་སློབ་མ་བསྡུས་པ། སྤྱི་ལོ ༡༩༩༩ ལོར་ཨ་རུ་ར་བོད་སྨན་སྨན་ལས་མ་རྐང་ཚད་ཡོད་ཀུང་ཟི་བཙུགས་ཏེ་བོད་སྨན་ཚོང་རར་བཀྲམས་པ་དང་། སྤྱི་ལོ ༢༠༠༦ ལོར་ཀྲུང་གོ་བོད་ཀྱི་གསོ་རིག་རིག་གནས་རྟེན་མཛོད་ཁང་ཐོག་མར་སྒོ་ཕྱེ་བས་ད་ལྟའི་ལས་ཁུངས་ལྔ་འདུས་ཀྱི་སྡེ་ཚོགས་འདི་ལྟ་བུ་ཞིག་ཏུ་གྲུབ།

སྡེ་ཚོགས་འདིའི་དམིགས་ཡུལ་ནི་བོད་ཀྱི་གསོ་བ་རིག་པ་རྒྱུན་འཛིན་དང་དར་སྤེལ་བཏང་སྟེ་བོད་རང་གི་ས་གནས་དང་།  རྒྱལ་ནང་ཡོངས། ཐ་ན་རྒྱལ་ཁབ་གཞན་ནམ་རྒྱལ་སྤྱིའི་རིམ་པ་བཅས་སུ་འགྲོ་བ་མིའི་བདེ་ཐང་ལ་ཞབས་འདེགས་ཞུ་ཐུབ་རྒྱུ་དེ་ཡིན།

མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་།

མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་ལ་ད་ལྟ་སྨན་པ་དང་ལས་བྱེད་མི་སྣ་བསྡོམས་པས་མི་དྲུག་བརྒྱ་ལྷག་ཡོད་པ་དང་། སྨན་ཁང་ཡོངས་ལ་ནད་མའི་མལ་ཁྲི་ཆིག་སྟོང་ལ་ཉེ་བ་ཡོད་པ་དང་རྫོང་རིམ་པའི་ཡན་ལག་བོད་སྨན་ཁང་གཉིས་ཡོད། ད་དུང་ས་གཞན་དུའང་ཡན་ལག་སྨན་ཁང་ཁ་ཤས་གསར་འཛུགས་ལ་བརྩོན་བཞིན་འདུག ད་ལྟའི་བར་ལོ་རེར་ནད་པ་འབུམ་གཅིག་ལྷག་ལ་ནད་བརྟག་དཔྱད་དང་གསོ་བཅོས་བྱེད་པ་དང་སྨན་ཁང་གི་ལོ་གཅིག་གི་ཆ་སྙོམས་སྤྱིའི་ཡོང་འབབ་དམངས་སྒོར་དུང་ཕྱུར་གཅིག་ལྷག་ཡོད་པའི་ད་ལྟ་བོད་སྨན་ཁང་ཆེས་ཆེ་ཤོས་སུ་གྱུར་ཡོད།

མཚོ་སྔོན་སློབ་ཆེན་བོད་ལུགས་གསོ་རིག་སློབ་གླིང་།

མཚོ་སྔོན་སློབ་ཆེན་བོད་ལུགས་གསོ་རིག་སློབ་གླིང་ལ་ད་ལྟ་སློབ་མ་ཆིག་སྟོང་ལྷག་དང་གཏན་སྡོད་དང་གདན་ཞུས་དགེ་རྒན་བསྡོམས་པས་བདུན་ཅུ་ཙམ་ཡོད་པ་དང་། རྒྱལ་ཁབ་རིམ་པས་ངོས་ལེན་ཡོད་པའི་དངོས་གཞི་(Bachelor Degree)དང་། ཤེས་རམས་(Master Degree) ཞིབ་འཇུག་སློབ་མ། འབུམ་རམས་(PhD Degree)ཞིབ་འཇུག་སློབ་མའི་བསླབ་གནས་ཆ་ཚང་ཡོད་པའི་བོད་ཀྱི་གསོ་རིག་སློབ་གླིང་ཁོ་ན་ཡིན། ད་ལྟའི་བར་དུ་སློབ་གླིང་འདི་ནས་བོད་ཀྱི་གསོ་རིག་དངོས་གཞིའི་སློབ་མ་སུམ་སྟོང་ལྷག་སློབ་མཐར་ཕྱིན་པ་དང་།  ཤེས་རམས་སློབ་མ་བཞི་ལྔ་བཅུ་ལྷག་དང་འབུམ་རམས་བཅུ་ལྷག་མཐར་ཕྱིན་པ་དང་ལས་གནས་སུ་ཡོད།

མཚོ་སྔོན་ཞིང་ཆེན་བོད་ཀྱི་གསོ་རིག་ཞིབ་འཇུག་གླིང་།

མཚོ་སྔོན་ཞིང་ཆེན་བོད་ཀྱི་གསོ་རིག་ཞིབ་འཇུག་གླིང་ལ་ད་ལྟ་གཏན་སྡོད་ཞིབ་འཇུག་མི་སྣ་མི་སུམ་ཅུ་ཙམ་ཡོད་པ་དང་། ད་ལྟའི་བར་བོད་ཀྱི་གསོ་རིག་གི་དཔེ་རྙིང་ཨ་དཔེ་ཚོགས་ཞེས་པའི་དཔེ་ཆ་བརྒྱ་དང་ཉི་ཤུ་ལྷག་དང་། སྨན་ཐང་རྒྱལ་འགྲེལ་གྱི་དཔེ་ཆ་རྒྱ་ཡིག་དང་འཇར་པན་ཡི་གེ་བཅས་སུ་སྒྱུར་ནས་པར་སྐྲུན་བྱས་པ།  བོད་ཀྱི་གསོ་རིག་ཀུན་བཏུས་ཞེས་པའི་གསོ་རིག་གི་གསུང་རབ་གཅེས་བཏུས་དེབ་དྲུག་ཅུ་རེ་གཅིག་ཅན་ཕྱོགས་བསྒྲིགས་དང་པར་སྐྲུན་བྱས་པ། ཀྲུང་གོ་བོད་ཀྱི་གསོ་རིག་ཅེས་པའི་ཆེད་ལས་དུས་དེབ་ལོ་རེར་དེབ་བཞི་རེ་འདོན་གྱིན་ཡོད་པ།  ད་དུང་གསོ་རིག་གི་དཔེ་རྙིང་སྲུང་སྐྱོབ་དང་།  དེང་རབས་ཚན་རིག་ཐབས་ལམ་གྱིས་བོད་སྨན་ནད་ཐོག་ཏུ་ཕན་ནུས་ཆེ་བ་ར་སྤྲོད་བྱེད་པའི་ཕྱག་ལས་མི་ཉུང་བ་གནང་མུས་སུ་ཡོད།

ཨ་རུ་ར་བོད་སྨན་སྨན་ལས་མ་རྐང་ཚད་ཡོད་ཀུང་ཟི།

ཨ་རུ་ར་བོད་སྨན་སྨན་ལས་མ་རྐང་ཚད་ཡོད་ཀུང་ཟི་ལ་ད་ཡོད་གཙོ་གནད་ལས་མི་སུམ་བརྒྱ་མ་ཟིན་ཙམ་ཡོད་པ་དང་ད་ལྟ་ཚོང་རར་བཀྲམ་ཆོག་པའི་སྨན་སྣ་བདུན་ཅུར་ཉེ་བ་ཡོད་པ་དང་། ཚོང་རར་རྒྱའི་གྲོང་ཁྱེར་ཆེ་ཤོས་ཡོངས་སུ་བསྡོམས་པས་ཚོང་ཁང་སུམ་བརྒྱ་ཙམ་ཡོད།  ལོ་རེའི་སྤྱིའི་ཆ་སྙོམས་ཡོང་འབབ་དམངས་སྒོར་དུང་ཕྱུར་གསུམ་ལྷག་ཡོད།

བོད་ཀྱི་གསོ་རིག་རིག་གནས་རྟེན་མཛོད་ཁང་།

བོད་ཀྱི་གསོ་རིག་རིག་གནས་རྟེན་མཛོད་ཁང་ལ་ད་ལྟ་ལས་མི་བདུན་ཅུ་ཡོད་པ་དང་བོད་ཀྱི་གསོ་རིག་དང་འབྲེལ་བའི་འགྲེམ་སྟོན་ཅ་ལག་ཉིས་ཁྲི་ལྷག་ཡོད་པ་དང་། རྟེན་མཛོད་ཁང་འདི་ནི་བོད་ཀྱི་གསོ་རིག་གཙོས་བོད་ཀྱི་རིག་གནས་ངོ་སྤྲོད་ཀྱི་རྟེན་གཞི་ཁོ་ནར་གྱུར་ཡོད་པ་དང་། རྒྱ་རིགས་གཙོས་པས་ལོ་རེར་འགྲུལ་བ་མི་ཐེངས་འབུམ་གཅིག་ཙམ་སྣེ་ལེན་བྱེད་ཀྱི་ཡོད་པ་དང་།  དེའི་ཁོངས་སུ་རྒྱལ་ཁབ་རིམ་པའི་གཙོ་འཛིན་བཞི་བཅུ་དང་ཞིང་ཆེན་རིམ་པའི་དཔོན་རིགས་མི་ཐེངས་ལྔ་བརྒྱ་ལྷག་ལ་སྣེ་ལེན་བྱས་ཏེ་བོད་ཀྱི་གསོ་རིག་དང་རིག་གནས་ངོ་སྤྲོད་བྱས། དཔོན་རིགས་དེ་རྣམས་ཀྱིས་རྟེན་མཛོད་ཁང་གི་བལྟ་སྐོར་བརྒྱུད་བོད་ཀྱི་གསོ་རིག་ལ་རྒྱུས་ལོན་བྱུང་བ་དང་བོད་ཀྱི་གསོ་རིག་གི་ལས་དོན་ལ་ཕན་པའི་ལས་ཀ་དངོས་ཤུགས་གཉིས་སུ་མཛད།

ཨ་རིའི་ཨ་རུ་ར་བོད་ཀྱི་གསོ་རིག་ལྟེ་གནས།
Arura Medicine of Tibet

རང་རེའི་བོད་ཀྱི་གསོ་རིག་གི་མྱུ་གུ་འབུས་ཏེ་སྡོང་བོ་སྐྱེས་པ་དང་། ཡལ་འདབ་རྒྱས་ཤིང་མེ་ཏོག་བཞད་པ། འབྲས་བུ་སྨིན་པ་ལྟར་འཛམ་གླིང་གི་གསོ་རིག་ཚན་རིག་ཤེས་བྱའི་ཡང་རྩེར་གྱུར་བའི་ཨ་མེ་རི་ཀའི་འཕྲོད་བསྟེན་ལས་རིགས་ནང་དུ་རང་ཉིད་ཀྱི་གོ་ས་ཞིག་འཛིན་ཐུབ་པར་དམིགས་ཏེ། མཚོ་སྔོན་ཨ་རུ་ར་བོད་སྨན་སྡེ་ཚོགས་དབུ་གཙོ་འོ་ཚང་ཚོགས་ཆེན་ལགས་ཨ་རིར་ཕེབས་ཏེ་བོད་སྨན་ལྟེ་གནས་ཤིག་འཛུགས་པར་འབུམ་རམས་པ་དཀོན་མཆོག་རྒྱལ་མཚན་ལགས་ལ་རེ་བ་བཏོན་པ་ལྟར། ཁོང་གིས་བོད་ཀྱི་རིག་གནས་ལ་ཤ་ཞན་ཤིན་ཏུ་ཆེ་བའི་གཞོན་སྐྱེས་རྒྱལ་མཚན་བཟང་པོ་ལགས་ལ་ངོ་སྤྲོད་བྱས་མཐར་ཁོ་རང་གིས་ཨ་རིའི་ཝུར་རྗེ་ནེ་ཡར་ (Virginia) ལྟེ་གནས་འཛུགས་སྐྲུན་གྱི་ཆ་རྐྱེན་ལེགས་པར་སྐྲུན་པ་དང་།  ད་དུང་གསོ་རིག་སློབ་གླིང་གི་འགན་འཛིན་དང་དགེ་རྒན་ཆེན་མོ་བ་བྱ་མདོ་ཀླུ་བྱམས་རྒྱལ་ལགས་དང་། ཞིབ་འཇུག་གླིང་གི་འགན་འཛིན་དང་སྨན་པ་འབུམ་རམས་པ་རྡོ་རྗེ་ལགས་དང་། བོད་སྨན་ཁང་གི་འགན་འཛིན་དང་སྨན་པ་འབུམ་རམས་པ་ཀླུ་བྱམས་རྒྱལ་ལགས་བཅས་ཀྱིས་འབད་བརྩོན་གནང་བ་ལ་བརྟེན་ནས། རླབས་ཆེན་གྱི་གསོ་བ་རིག་པ་འདིར་ཞབས་འདེགས་ཞུ་ཆེད་ཚང་མས་མཉམ་རུབ་ཀྱིས་ཨ་རིའི་ཝུར་རྗེ་ནས་ཡའི་མངའ་སྡེའི་ཤར་ལོ་སུ་ཝལ་ (Charlottesville) ནང་དུ་སྤྱི་ལོ ༢༠༡༠ ལོར་ཨ་རིའི་ཨ་རུ་ར་བོད་ཀྱི་གསོ་རིག་ལྟེ་གནས་ཞེས་པ་གསར་འཛུགས་གནང་བ་དང་། དེ་ནས་ས་གནས་དེར་བོད་ཀྱི་གསོ་རིག་གི་རིག་གཞུང་ཚོགས་ཆེན་ཞིག་གོ་སྒྲིག་གིས་ཚོགས་པ་དང་།  ཝུར་རྗེ་ནས་ཡའི་སློབ་ཆེན་ (UVA) གསོ་རིག་སློབ་གླིང་དུ་བོད་ཀྱི་གསོ་རིག་གི་སློབ་ཚན་ཁྲིད་འགོ་ཚུགས་པ། བོད་སྨན་སྟེང་ཞིབ་འཇུག་གི་ལས་གཞི་འགོ་རྩོམ་གྱིན་ཡོད་པ། ལས་ཁུངས་བཙུགས་ཏེ་ས་གནས་སྨན་དོན་མི་སྣར་བོད་ཀྱི་གསོ་རིག་གི་དུས་ཐུང་སློབ་སྦྱོང་སྤྲོད་པ། བོད་ཀྱི་སྨན་པས་ས་གནས་དེའི་མི་རྣམས་ལ་ནད་གཞི་བརྟག་བཅོས་བྱེད་པ། བོད་སྨན་ཁྱབ་བསྒྲགས་ཀྱི་བྱ་འགུལ་སོགས་ལས་གཞི་མང་པོ་སྤེལ་དང་སྤེལ་བཞིན་ཡོད་པ།

ཨ་རིའི་ཨ་རུ་ར་བོད་ཀྱི་གསོ་རིག་ལྟེ་གནས་ཀྱི་དམིགས་ཡུལ་ནི་བོད་ཀྱི་གསོ་བ་རིག་པ་རྒྱུན་འཛིན་དང་དར་སྤེལ་བཏང་སྟེ་ཨ་རིའི་འཕྲོད་བསྟེན་ལས་རིགས་ཁྲོད་དུ་བོད་ཀྱི་གསོ་བ་རིག་པས་ཀྱང་གོ་ས་ཞིག་ཟིན་ཏེ་མི་རྣམས་བདེ་ཐང་ཡོང་བར་ཞབས་འདེགས་ཞུ་རྒྱུ་དེ་ཡིན། ཨ་རིའི་ཨ་རུ་ར་བོད་ཀྱི་གསོ་རིག་ལྟེ་གནས་ཀྱི་མ་འོངས་འཆར་གཞི་ནི་ལྟེ་གནས་འདི་བརྒྱུད་དེ་བོད་ཀྱི་གསོ་བ་རིག་པའི་སློབ་གསོ་དང་།  ཞིབ་འཇུག  སྨན་བཅོས།  རིག་གནས་རྒྱུན་འཛིན་བཅས་ཀྱི་ལས་ཀ་ཕྱོགས་ཡོངས་ནས་ལེགས་འགྲུབ་ཡོད་པའི་ལྟེ་གནས་ཞིག་ཏུ་འགྱུར་བའི་དུས་ཐུང་དང་དུས་རིང་གི་འཆར་གཞི་བཟོས་ནས་ད་ལྟ་དེའི་ཕྱོགས་སུ་འབད་བརྩོན་བྱེད་ཀྱི་ཡོད། དུས་རིང་གི་འཆར་གཞི་ནི་ལྟེ་གནས་འདིར་སྨན་བཅས་བྱེད་ས་དང་། སློབ་མ་བསྐྱེད་སྲིང་གི་སློབ་གྲྭ རྒན་གསོ་ཁང་། གསོ་རིག་གཙོས་རྟེན་མཛོད་ཁང་། བོད་ཀྱི་གསོ་རིག་ཞིབ་འཇུག་ཁང་། གཞན་ད་དུང་ཚོང་ལས་དང་འབྲེལ་བའི་ཚོང་ར་དང་མགྲོན་ཁང་བཅས་སྣ་མང་རང་བཞིན་གྱི་སྡེ་ཚོགས་ཆ་ཚང་ཅན་ཞིག་གསར་འཛུགས་བྱེད་པར་ཇུས་འགོད་བྱས་ཡོད།

འབྲེལ་གཏུག་བྱེད་ས། Gyaltsen Druknya (434) 989-8230  Arura Medicine of Tibet  221 West Main Street, Charlottesville, VA 22902